༉ བློ་སྦྱོང་འདི་ལྷབ་ཞིནམ་ལས་ བུ་རང་གི་མི་ཚེ་ལུ འགྱུར་བ་ལེ་ཤ་འོང་འདི་ཡོད་ལགས། དེ་ཡང་ ཐུན་མོང་སྔོན་འགྲོས་རྒྱུད་སྦྱང་བར་གསོལ་འདེབས་ལས་ དལ་འབྱོར་རྙེད་དཀའ་ཤེས་པར་བྱིན་གྱིས་རློབས།། འཆི་བ་མི་རྟག་དྲན་པར་བྱིན་གྱིས་རློབས།། རྒྱུ་འབྲས་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས།། འཁོར་བའི་ཉེས་དམིགས་རྟོགས་པར་བྱིན་གྱིས་རློབས།། ཐར་པའི་ཕན་ཡོན་མཐོང་བར་བྱིན་གྱིས་རློབས།། བློ་སྣ་ཆོས་ལ་བསྒྱུར་བར་བྱིན་གྱིས་རློབས།། ཟེར་དོ་བཟུམ་བློ་ལྡོག་རྣམ་བཞི་ལྷབ་ཞིནམ་ལས་ བུ་རང་གི་བསམ་བློ་གཏང་ཐངས་ཚུ་ སྔ་མ་བ་ལྷགཔ་སྦེ་ ཡར་རྒྱས་འགྱོ་ཡི་ལགས། དེ་ཡང་ འཁོར་བ་ནང་ལུ་ དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བའི་མི་ལུས་ཐོབ་སྟེ་འབད་རུང་ མི་ཚེ་འདི་རྟག་པ་རྩ་ལས་མེདཔ་ལས་ ང་བཅས་ག་ར་འབད་རུང་ད་ལྟོ་མི་ལུས་ཐོབ་པའི་སྐབས་ ནམ་ར་འབད་རུང་ལས་དང་རྒྱུ་འབྲས་སེམས་ཁར་བསྐྱེད་དེ་ལཱ་འབད་དགོཔ་ཨིནམ་ བུ་རང་གི་སེམས་ལུ་དྲན་བསྐུལ་འབད་ཡི་ལགས། དེ་ལས་འཁོར་བའི་རྒྱ་མཚོ་འདི་ནང་སྡུག་བསྔལ་མྱོང་ཚུལ་ཚུ་ཧ་གོཝ་ལས་ བུ་རང་བློ་སེམས་ཆོས་ལུ་དད་པ་དང་ཡིད་ཆེས་སྔོན་ལས་ལྷགཔ་ཡབད་བསྐྱེད་ཚུགས་འབད་ཡར་སོང་ཡི་ལགས།
ལཱ་དང་བྱ་བ་ག་ཅི་འབད་རུང་ དུས་ཨ་རྟག་ར་གཞན་དོན་བསྒྲུབ་དགོ་ཟེར་མི་འདི་ བུ་རང་གི་སེམས་ཁར་ཤར་ཡོངམ་ལས་ ང་རའི་མཉམ་རོགས་ཚུ་གི་ལས་འགུལ་འབད་ནི་ལུ་ཆ་རོགས་འབད་ནི་དང་དོགས་པ་གསེལ་ནི་འདི་བུ་རང་གི་གཙོ་རིམ་ཆེ་བའི་ལཱ་ཅིག་ཨིན། འདི་འབདཝ་ལས་བུ་རང་གི་དུས་ཨ་རྟག་ར་ ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་འདི་བསྒོམ་འདི་ར་ཡོད་ལགས། མགོན་པོ་ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་ལས་ བག་ཡོད་བདུད་རྩིས་གནས་ཡིན་ཏེ།། བག་མེད་པ་ནི་འཆི་བའི་གནས།། བག་ཡོད་འཆི་བར་མི་འགྱུར་ཏེ།། བག་མེད་པ་ནི་རྟག་ཏུ་འཆི།། ཟེར་གསུངས་དོ་བཟུམ་ ད་ལྟོ་མཐོ་མི་སློབ་གྲྭ་ནང་དཔེ་ཆ་ལྷབ་པའི་སྐབས་ རང་གི་སེམས་བག་ཡོད་པའི་ངང་ལས་ལྷབ་ཚུགས་ལགས།
སེམས་རྒྱུད་ལུ་སྐྱེ་བའི་རིམ་པ་ཡང་གཅིག་ལུ་གཅིག་བརྟེན་ཏེ་སྐྱེ་དགོ་པའི་རྒྱུ་འབྲས་མན་ངག་བདུན་ལྷབ་ཞིནམ་ལས་ བུ་རང་ལུ་ དགྲ་ལུ་ཞེ་སྡང་བསྐྱེད་ནི།། གཉེན་ལུ་དགའ་བའི་བརྩེ་གདུང་བསྐྱེད་ནི།། ཟེར་བའི་མ་རིག་པ་ཡོད་མི་ཚུ་རིམ་གྱི་གསལ་ནི་ཚུ་ལུ་ཕན་ཐོགས་འབྱུང་ཡི་ལགས། དེ་མ་ཚད་འཁོར་བ་ནང་ལུ་ཡོད་པའི་སེམས་ཅན་ཆ་མཉམ་རང་གི་ཨའི་མ་འབད་ག་ཡང་མེད་ཟེར་མནོ་ཞིནམ་ལས་ བུ་རང་གི་ལཱ་ག་ཅི་འབད་རུང་སེམས་ཁར་ལུ་འཁོར་བ་ནང་ལུ་ཡོད་པའི་སེཅས་ཅན་ཡོངས་ལུ་ཨིན་ཟེར་མནོ་སྟེ་ལཱ་འབད་དོ་ལགས། འདི་གིས་འཁོར་བ་ནང་ལུ་ཡོད་མི་སེམས་ཅན་ག་ར་ཚེ་ཧེ་མ་ངེ་གི་ཨའི་མ་འབད་མི་ག་ཡང་མེད་ཟརེ་མནོ་ཞིནམ་ལས་ལཱ་འབད་ནི་ལུ་ཕན་ཐབས་འབྱུངམ་མས་ལགས།
བུ་རང་གི་མི་ཚེ ནང་ལུ་བློ་སྦྱོང་གི་དོན་ཚན་ཚུ་ལས་ འགྱུར་བཅོས་མངམ་འདི་ར་བདག་གཞན་མཉམ་བརྗེ་འདི་གིས་འོང་ཡི་ལགས། འདི་ཡང་དོན་ཚན་འདི་གིས་འབད་ལཱ་དང་བྱ་བ་ག་ཅི་འབད་རུང་ གཞན་ཕན་བྱང་ཆུབ་ཀྱི་སེམས་བསྐྱེད་ནི་ ཕར་ཕྱིན་དྲུག་དང་བསྟུན་ལཱ་འབད་ནི་ ཚད་མེད་བཞི་བསྒོམ་ནི་ལ་སོགས་པ་ག་ར་འབད་ཚུགས་པས་ལགས། འདི་གི་ཤུལ་ལས་རང་སློབ་དཔོན་འབད་བའི་སྐབས་ཡང་ཕན་ཐོགས་འབྱུང་ནི་མས་ལགས།
བློ་སྦྱོང་ལྷབ་ཞིནམ་ལས་
བུ་ང་རའི་མི་ཚེ་ལུ་འགྱུར་བཅོས་སྦོམ་ར་འོང་ཡི་ལགས་སོ།།
ཡེ་ཤེས་རྒྱལ་མཚན།
Nice
ReplyDelete